略谈乃囊寺历史及其相关人物
(ཚེ་རིང་སྒྲོལ་མ། མོ། བོད་རིགས། ཕ་ཡུལ་བོད་ལྗོངས་ལྷ་ས། བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་དགེ་རྒན། ཞིབ་འཇུག་ཁ་ཕྱོགས་གཙོ་བོ་བོད་ཀྱི་ཆོས་ལུགས་དང་རིག་གནས། )
དང་པོ། དགོན་པ་ཐོག་མར་བཞེངས་པའི་རྟེན་འབྲེལ།
བོད་ལྗོངས་དབུས་གཙང་ཁུལ་དུ་ཆགས་པའི་སྒྲུབ་བརྒྱུད་ཀརྨ་བཀའ་བརྒྱུད་ཀྱི་གདན་ས་གནས་ནང་དགོན་བྱ་བ་འདི་ནི་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་ཤང་སྣ་མཁར་གྲོང་ཚོར་ཆགས་ཡོད་པ་དང་། ཐོག་མར་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་ཞལ་སློབ་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེ་བྱ་བ་དེས་རབ་བྱུང་ལྔ་པའི་ལྕགས་བྱ་ལོ་སྟེ་སྤྱི་ལོ༡༣༢༡ལོར་ཕྱག་བཏབས་པ་དང་ད་བར་དུ་ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན། དེའང་འདས་པའི་ལོ་དུས་ནང་དགོན་དེ་སྔ་རྗེས་སུ་ཀམ་ཚང་ཡབ་སྲས་ཀྱི་ཡ་གྱལ་དུ་གྲགས་པའི་ཞྭ་དམར་སྤྲུལ་བརྒྱུད་དང་དཔའ་བོའི་སྤྲུལ་བརྒྱུད་གཉིས་པོས་བསྐྱངས་པར་མཛད། དེར་གནས་ནང་དགོན་ཐོག་མར་བཞེངས་སྒྲུབ་མཛད་པའི་རྟེན་འབྲེལ་དུ། སྔར་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེ་འདི་ཉིད་ལ་རྗེ་ཀརྨ་པ་རང་བྱུང་རྡོ་རྗེས་ཁམས་ཁུལ་གྱི་“ཀམ་པོ་གནས་ནང་” བྱ་བའི་གནས་དེར་བྱོན་དགོས་པའི་བཀས་བསྐུལ་ལུང་བསྟན་གནང་བར་མཛད། དེ་ཡང་། ཀམ་པོ་གནས་ནང་བྱ་བའི་གནས་དེ་ནི་ཀམ་ཚང་ཆོས་ཀྱི་གནས་གལ་ཆེན་ཞིག་ཏུ་འཛིན་བ་སྟེ། ཐོག་མར་ཀརྨ་པ་དུས་གསུམ་མཁྱེན་པ་འདི་ཉིད་ལ་རྗེ་དྭགས་པོའི་ལུང་བསྟན་ཐོབ་ཏེ་སྤྱི་ལོ་༡༡༦༤ལོར་ཁམས་ཀྱི་ཀམ་པོ་གངས་རར་བྱ་བའི་ཡུལ་དེར་ཕེབས་ཏེ་འོག་མིན་མཁའ་སྤྱོད་སྐུ་ཡི་གདན་ས་དང་པོ་གྲགས་པའི་ཀམ་པོ་གནས་ནང་དགོན་འདི་ཕྱག་བཏབ་པ་དང་། ཀརྨ་ཀམ་ཚང་ཞེས་བྱ་བའི་མཚན་དོན་ཡང་ཀམ་གནས་འདི་ཉིད་ལས་བྱུང་བར་གྲགས། དེའང་ཡོངས་གྲགས་སུ་ཁམས་ཀྱི་ཀམ་པོ་གངས་རར་ས་སྤྱོད་སྐུ་ཡི་གདན་ས་གནས་ནང་། བར་ཁམས་ཀྱི་ཀརྨ་རི་གླིང་དུ་ས་སྤྱོད་གསུང་གི་གདན་ས་ཀརྨའི་དགོན། དབུས་ཀྱི་སྟོད་ལུང་མཚུར་ཕུར་ས་སྤྱོད་ཐུགས་ཀྱི་གདན་ས་འོག་མིན་དཔལ་གྱི་མཚུར་མདོ་བོ་ལུང་དང་བཅས་ཀརྨ་ཀམ་ཚང་གི་སྐུ་གསུང་ཐུགས་བརྟེན་གྱི་གདན་ས་ཁྱད་འཕགས་ཅན་ཏུ་འཛིན། དེ་ཡང་། ཞྭ་དམར་རྟོགས་ལྡན་གྲགས་པ་སེང་གེ་ཁོང་རྗེ་རང་བྱུང་རྡོ་རྗེའི་བཀས་བསྐུལ་ལྟར་ཀམ་ཚང་ཆོས་ཀྱི་གནས་ཁྱད་འཕགས་ཅན་ཀམ་པོ་གནས་ནང་བྱ་བ་དེར་བྱོན་མ་ཐུབ་པ་དང་། དེའི་རྐྱེན་གྱིས་སེམས་ལ་སླད་ཀྱི་ཞྭ་དམར་བའི་སྐུ་ཕྲེང་ལ་འདིའི་རྟེན་འབྲེལ་གྱིས་ཅུང་ཞིག་གནོད་པར་དགོངས་ཏེ་བླ་མའི་བཀའ་ཡང་མི་བཅག་པའི་ཕྱིར་ས་དཔྱད་ལེགས་པར་གཟིགས་ཏེ་རྡོ་རྗེ་ཕག་མོ་བསྐྱངས་བསྐུམ་གྱི་ཚུལ་དུ་བཞུགས་པའི་གནས་ཁྱད་འཕགས་ཅན་མཚུར་མདའི་རིའི་སྟེང་དུ་དགོན་པ་བཏབ་པ་དང་“གནས་ནང”ཞེས་མིང་བཏགས་ཏེ་ཀམ་ཚང་ཆོས་བརྒྱུད་ཀྱི་འཁོར་ལོ་བསྐོར་བར་གྲགས། དེའང་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེ་བྱ་བ་དེ་ནི་རབ་བྱུང་ལྔ་པའི་ཆུ་ལུག་སྤྱི་ལོ༡༢༨༣ལོར་འཁྲུངས་པ་དང་། དགུང་ལོ་བཅུ་གསུམ་གྱི་ཐོག་རྗེ་ཁོལ་བའི་སློབ་མ་བློ་གྲོས་གྲགས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས། དགུང་ལོ་བཅུ་བདུན་ལ་རྗེ་དུས་མཁྱེན་གྱི་སློབ་མ་རྒྱ་ཕོ་ལུང་པའི་སློབ་མ་ཡེ་ཤེས་སེང་གེའི་དྲུང་དུ་དགོན་པ་སྤོམ་དུ་རབ་ཏུ་བྱུང་བ་དང་། དེའི་རྗེས་བླ་མ་ཡེ་ཤེས་སེང་གེ་ལས་ཁྲིད་སོགས་མང་དུ་ཞུས་ནས་དྲོད་ཁྱད་པར་ཅན་སྐྱེས་ཏེ་ནམ་བཟའ་རས་རྐྱང་པོ་མཆོད་པས་“དབྲང་གུ་རས་པ་”ཞེས་སུའང་གྲགས། དེའི་ཕྱིར་ཁོང་གསང་ཕུར་བྱོན་ཏེ་བླ་མ་འཇམ་དབྱངས་ཤཱཀ་གཞོན་དང་ཟུར་ཆོས་པ་བློ་གྲོས་མཚུངས་མེད་ལ་གཏུགས་ནས་མཚན་ཉིད་ཀྱི་སྡེ་སྣོད་ལྔ་དང་བྱམས་ཆོས་ལྔ། ཚད་མ་རྣམ་ངེས། སྡུད་པ་དང་སྤྱོད་འཇུག་སོགས་མང་དུ་གསན་ནས་ལེགས་པར་སྦྱངས་པས་དབུས་གཙང་དུ་ཕར་ཕྱིན་མཁས་པའི་སྙན་གྲགས་ཐོབ། དེ་ནས་དགུང་ལོ་ཉེར་བརྒྱད་ཐོག་རྗེ་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་དྲུང་ནས་ཆོས་དྲུག་ཁྲིད་ཞུས་ཏེ་རྩེ་གཅིག་ཏུ་བསྒོམས་པ་དང་། དགུང་ལོ་སོ་དགུ་ཕེབས་སྐབས་གནས་ནང་དགོན་འདི་ཕྱག་བཏབས་སོ།།
གཉིས་པ། དགོན་པ་ཕྱག་འདེབས་པའི་ལོ་དུས་དཔྱད་པ།
གནས་ནང་དགོན་པ་འདི་ཕྱག་བཏབས་པའི་ལོ་དུས་སྐོར་ལ་རྒྱ་བོད་དཔྱད་གཞིའི་ཡིག་ཆ་སོ་སོའི་ནང་དུ་བརྗོད་སྟངས་མི་འདྲ་སྟེ། རང་ཅག་བོད་ཀྱི་ལོ་རྒྱུས་དེབ་ཐེར་༼ཆོས་འབྱུང་མཁས་པའི་དགའ་སྟོན༽དང་༼དེབ་ཐེར་སྔོན་པོ༽བཅས་ཀྱི་ནང་དུ་རབ་བྱུང་ལྔ་པའི་ལྕགས་བྱ་ལ་གནས་ནང་བཏབ་ཞེས་འཁོད་ཡོད། ཡང་མིག་སྔར་མཇལ་རྒྱུ་ཡོད་པའི་རྒྱ་ཡིག་གི་ཐོག་ནས་བརྩམས་པའི་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་སོགས་ཀྱི་དཔེ་དེབ་མང་ཆེ་བའི་ནང་དུ་གནས་ནང་དགོན་འདི་ནི་ཞྭ་དམར་རྟོགས་ལྡན་གྲགས་པ་སེང་གེས་སྤྱི་ལོ་༡༣༣༣ལོར་ཕྱག་བཏབ་པ་ཡིན་ཞེས་འཁོད་འདུག དེའང་དཔེར་ན། རིན་ཅི་ཡུའུ་ཡི༼ཆོས་ལུགས་ཚིག་མཛོད་ཆེན་མོ༽ ཧོང་ཧྥུའུ་རིན་གྱི༼བོད་ཀྱི་ཆོས་འབྱུང་ལོ་རྒྱུས༽ཐང་ཅིན་ཧྥུ་ཡི༼ཀྲུང་གོའི་བོད་བརྒྱུད་ནང་བསྟན་བླ་ཆེན་ཁག་གི་རྣམ་ཐར༽ལ་སོགས་པའི་རྒྱ་ཡིག་གི་དཔེ་ཆ་མང་ཆེ་བའི་ནང་དུ་གནས་ནང་དགོན་ཕྱག་བཏབ་པའི་ལོ་གྲངས་ནི་སྤྱི་ལོ་༡༣༣༣ལོ་ཡིན་ཞེས་འཁོད་འདུག དེ་ཡང་གོང་གསལ་བོད་ཡིག་མ་ཡིག་གི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆའི་ནང་འཁོད་པའི་རབ་བྱུང་ལྔ་པའི་ལྕགས་བྱ་ལོ་ཞེས་པ་དེ་སྤྱི་ལོའི་དུས་ཚོད་དུ་དེད་ནས་རྩིས་ན་སྤྱི་ལོ་༡༣༢༡ཡིན་པ་གསལ་པོར་རྟོགས་ཐུབ་པ་དང་། ཡང་རྒྱ་ཡིག་གི་དེབ་ཐེར་ནང་འཁོད་པའི་སྤྱི་ལོ༡༣༣༣དེ་བོད་ཀྱི་རབ་བྱུང་ཏུ་བརྩིས་པ་ཡིན་ན་རབ་བྱུང་དྲུག་པའི་ཆུ་བྱ་ལོ་རུ་ངེས། དེ་ལྟར་བྱས་ཚེ་ཆུ་བྱ་ལོ་དང་ལྕགས་བྱ་ལོ་བར་དུ་ལོ་བཅུ་གསུམ་གྱི་ཧེ་བག་ཡོད་པས་དེང་གི་རྒྱ་དཔེའི་ནང་དུ་འཁོད་པའི་དགོན་པ་ཕྱག་བཏབས་པའི་ལོ་གྲངས་དེ་བརྩི་སྟངས་ནོར་འཁྲུལ་བྱུང་བ་ཡིན་པ་ཤེས་ཐུབ། དེར་བརྟེན་གནས་ནང་དགོན་འདི་ཕྱག་བཏབས་པའི་ཡང་དག་པའི་ལོ་གྲངས་ནི་བོད་རབ་བྱུང་ལྔ་པའི་ལྕགས་བྱ་ལོ་སྟེ་སྤྱི་ལོ་༡༣༢༡ལོ་ཡིན་པར་ངེས།།
གསུམ་པ། གནས་ནང་དགོན་གྱི་ལོ་རྒྱུས་འཕེལ་འགྱུར་རགས་བསྡུས།
སྤྱིར་ཐོག་མར་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེས་ལྕགས་བྱ་ལོ་སྟེ་སྤྱི་ལོ༡༣༢༡ལོར་གནས་ནང་དགོན་འདི་ཕྱག་བཏབ་པ་ནས་བཟུང་དགོན་དེར་ཞྭ་དམར་རིམ་བྱོན་གྱི་བསྟན་པའི་གདན་ས་གཙོ་བོར་འཛིན་མོད། འོན་ཀྱང་ཕྱིས་སུ་ཞྭ་དམར་བ་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་བྱ་བ་དེས་སྤྱི་ལོ་༡༥༠༣ལོའི་ཐོག་བྱང་འདམ་གཞུང་དུ་གདན་ས་ཡངས་པ་ཅན་དགོན་བཞེངས་སྒྲུབ་མཛད་པ་དང་དེ་རུ་བསྟན་པའི་གདན་ས་གཙོ་བོ་རུ་འཛིན། དེས་ན་ཕྱིན་ཆད་ཀྱི་ཞྭ་དམར་སྐུ་ཕྲེང་རིམ་བྱོན་རྣམས་ཡངས་པ་ཅན་དགོན་དུ་མངའ་གསོལ་གདན་ཆགས་ཏེ་ཞྭ་དམར་བསྟན་པའི་གདན་ས་ལྟེ་བར་འཛིན་པ་བཅས་ཞྭ་དམར་བླ་རྒྱུད་རྣམ་ཐར་ལས་གསལ་པོ་རྟོགས་ཐུབ། དེ་ཡང་། ཀུན་གྱི་ཁ་རྒྱུན་དུ་ཞྭ་དམར་སྐུ་ཕྲེང་བཞི་པ་ནས་བཟུང་བའི་ཀརྨ་ཞྭ་དམར་རིམ་བྱོན་དག་དབྱར་ཁ་ཡངས་པ་ཅན་དགོན་དུ་བཞུགས་པ་དང་། དགུན་ཁ་གནས་ནང་དགོན་དུ་བཞུགས་སྲོལ་ཡོད་པ་གྲགས། དེ་ནས། ཞྭ་དམར་སྐུ་ཕྲེང་བདུན་པ་ཡེ་ཤེས་སྙིང་པོ་བྱ་བ་དེའི་སྐུ་དུས་སུ་ཀརྨ་བཀའ་བརྒྱུད་དང་དགེ་ལུགས་པའི་གྲུབ་མཐའ་དབར། དེ་བཞིན་གཙང་དང་དབུས་ཀྱི་ས་གནས་སྲིད་དབང་དབར་ལ་འགལ་ཟླ་མང་པོ་ཞིག་བྱུང་ཏེ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དྲགས་པོ་བྱུང་བ་དང་། མཐར་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཉིད་ནས་དགའ་ལྡན་ཕོ་བྲང་གི་སྲིང་དབང་གསར་དུ་བཙུགས་པ་དང་། ཀརྨ་བཀའ་བརྒྱུད་ཀྱི་བསྟན་སྲིད་དང་དེའི་རྒྱབ་རྟེན་དུ་འཛིན་པའི་གཙང་པའི་སྲིད་དབང་དང་བཅས་ཆབས་གཅིག་ཏུ་ཡོངས་སུ་ཉམས། སྐབས་དེར་ཀརྨ་བཀའ་བརྒྱུད་ལུགས་ཀྱི་དགོན་སྡེ་སྤྱི་དང་བྱེ་བྲག་ཡང་ཉམས་ཉེས་ཚབས་ཆེན་ཕོགས་པར་གནས་ནང་དགོན་ཡང་དེ་ལས་མ་འདས་པར་ཕལ་ཆེར་མི་ལོ་ཉི་ཤུ་ལྷག་ཙམ་རིང་ཁང་སྟོང་དུ་ལུས་པར་སྐད། དུས་བབ་དེའི་རིང་གི་གནས་ནང་དགོན་པའི་གནས་བབ་ཡང་སྙིང་ཇི་ལྟར་ཡིན་ཚུལ་མིག་སྔར་ཁུངས་གཏུགས་སའི་ཚད་ལྡན་གྱི་དཔྱད་གཞི་གཅིག་ཀྱང་མཇལ་རྒྱུ་མིན་འདུག དེར་བརྟེན་འདི་གར་ཕྲན་གྱིས་དེའི་སྐོར་གསལ་ཞིབ་ཡོང་ཆེད་བཅར་འདྲི་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཟུང་འབྲེལ་བྱས་ཏེ་རང་གི་བསམ་ཚུལ་ཅུང་ཞིག་འཆད་པའོ། དེ་ཡང་། ཐོག་མར་གནས་ནང་དགོན་སྡེའི་དགེ་འདུན་པ་དང་ཡུལ་གྲུ་དེ་གའི་རྒན་རབས་མཁྱེན་ལྡན་པ་མི་ཉུང་བ་ཞིག་ལ་བཅར་འདྲི་ཞུས་པ་ལས་བཞེད་ཚུལ་མི་འདྲ་བ་གཉིས་བྱུང་སྟེ། བཞེད་ཚུལ་གཅིག་ནི་གནས་ནང་དགོན་འདི་དགའ་ལྡན་ཕོ་བྲང་སྲིད་དབང་བཙུགས་པའི་རྗེས་བཀའ་བརྒྱུད་དང་རྙིང་མ་ཡི་དགོན་སྡེ་ཁག་བཀའ་དགེ་བསྒྱུར་བྱས་བའི་སྐབས་སུ་གྲུབ་མཐའ་དགེ་ལུགས་ལ་བསྒྱུར་པ་ཡིན་གསུངས། བཞེད་ཚུལ་གཞན་ཞིག་ནི་གནས་ནང་དགོན་དེ་ཀམ་ཚང་གི་ཆོས་ཉམས་ཉེས་བྱུང་བའི་དུས་དེར་དགེ་དགོན་ནས་གཞུང་བཞེས་སུ་བཏང་ནས་སྒོ་མཐེལ་རྒྱག་པ་ལས་གྲུབ་མཐའ་བསྒྱུར་མེད་པར་གསུངས། དེ་རུ་ཀུན་གྱི་ཁ་རྒྱུན་དང་ལོ་རྒྱུས་ཀྱི་ཡིག་ཚང་གཉིས་ ཕྱོགས་གཅིག་ཏུ་བསྡུས་ཏེ་དཔྱད་པར་བྱས་ཚེ། སྤྱིར་གནས་ནང་དགོན་དུས་བབ་དེའི་རིང་གྲུབ་མཐའ་བསྒྱུར་མེད་པ་རེད་སེམས། དེའི་རྒྱུ་མཚན་དུ་ཞྭ་དམར་རིམ་བྱོན་གྱི་རྣམ་ཐར་དང་དེ་བཞིན་ཀམ་ཚང་ཆོས་འབྱུང་སོགས་ལ་ཁུངས་གཏུགས་ནས་དཔྱད་ཞིབ་བྱས་ཚེ་ཆོས་འབྱུང་ལོ་རྒྱུས་ཀྱི་དཔེ་ཆ་དེ་དག་གི་ཁྲོད་ཀམ་ཚང་བསྟན་སྲིད་ཉམས་ཏེ་བཀའ་བརྒྱུད་ལུགས་ཀྱི་དགོན་སྡེ་བཀའ་དགེ་བསྒྱུར་མཛད་པའི་ས་བཅད་ནང་དོན་གྱི་ནང་དུ་ འདིར་ག་གླེང་བར་བྱ་བའི་གནས་ནང་དགོན་གྱི་སྐོར་ཚིག་འབྲུ་གཅིག་ཡང་མཇལ་རྒྱུ་མེད་པ་དང་། དེ་རང་གི་བསམ་ཚུལ་དུ་བཏང་ན་སྤྱིར་ཞྭ་དམར་རིམ་བྱོན་རྣམ་ཐར་དང་ལོ་རྒྱུས་ལས་རྟོགས་གསལ་ལ་ཞྭ་དམར་སྐུ་ཕྲེང་བཞི་པའི་དུས་ནས་བསྟན་པའི་གདན་ས་གཙོ་བོ་ཡངས་པ་ཅན་དགོན་དུ་གཏད་པ་ནས་བཟུང་། སླད་ཀྱི་ཞྭ་དམར་བའི་སྐུ་དུས་སུ་གནས་ནང་དགོན་དེ་ཤུགས་རྐྱེན་ཆེ་ཆེར་ཞིག་འཛིན་མེད་པ་རྟོགས་ཐུབ། དེས་ན་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཐོག་གནས་ནང་དགོན་དེ་ཡང་གནས་བབ་མཐོན་པོ་བཟུང་མེད་པའི་རྐྱེན་གྱིས་ཀམ་ཚང་བསྟན་སྲིད་ཉམས་ནས་བཀའ་དགེ་བསྒྱུར་མཛད་པའི་སྐབས་སུ་སྟོབས་འབྱོར་དང་སྙན་གྲགས་ཆེ་བའི་བཀའ་བརྒྱུད་དགོན་སྡེ་གཞན་ལྟར་ཉམས་ཉེས་ཚབས་ཆེན་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པ་ཡིན་སྙམ། གཞན་ཡང་། དགའ་ལྡན་ཕོ་བྲང་སྲིད་དབང་བཙུགས་པའི་རྗེས་རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་ཀམ་ཚང་ཡབ་སྲས་ཀྱི་ཡ་གྱལ་དཔའ་བོ་སྐུ་ཕྲེང་ལྔ་པ་གཙུག་ལག་འཕྲིན་ལས་རྒྱ་མཚོར་ཞྭ་དམར་བའི་གདན་ས་གནས་ནང་དགོན་དེ་བསྩལ་བ་དང་མུ་མཐུད་ཀམ་ཚང་ལུགས་ཀྱིས་ཕྱག་བཞེས་གནང་ཆོག་པའི་བཀའ་གནང་བ་དེར་ལྟར་ན། དཔའ་བོ་རིན་པོ་ཆེས་གནས་ནང་དགོན་འདི་དངོས་སུ་ཞལ་འཛིན་མ་གནང་གོང་གི་ལོ་ངོ་ཉི་ཤུ་ལྷག་གི་རིང་གཞུང་བཞེས་ཐེབས་ནས་སྒོ་མཐེལ་རྒྱབ་པ་ལས་ཕལ་ཆེར་བཀའ་དགེ་བསྒྱུར་དང་ཉམས་ཉེས་ཚབས་ཆེན་པོ་ཕོགས་མེད་པ་སྙམ། དེ་ཡང་། མིག་སྔར་གནས་ནང་དགོན་དེ་བཀའ་དགེ་བསྒྱུར་ངོ་མ་བྱས་ཡོད་མེད་ཀྱི་སྐོར་ལ་ཁུངས་གཏུགས་སའི་ཡིག་ཆ་ཚད་ལྡན་ཁུངས་བཙན་ཞིག་རྙེད་པའི་བསྐལ་བ་མ་ཐོབ་པས་དོགས་གནད་ཞིག་ཏུ་བཟུང་ནས་འདི་གར་རང་གི་བསམ་ཚུལ་ཙམ་དུ་འཆད་པ་དང་། དེའི་སྐོར་ད་གཟོད་སྟོང་ཆ་ཞིག་ཏུ་སྣང་བས་ཞིབ་འཇུག་པ་གཞན་ནས་མུ་མཐུད་དུ་དཔྱད་ཞིབ་གསལ་པོ་ཡོང་བར་སྨོན།
དེར་ཀམ་ཚང་གི་བསྟན་སྲིད་ཉམས་པའི་སྐབས་སུ་ཀམ་ཚང་ཡབ་སྲས་ཀྱི་ཡ་གྱལ་དུ་གྲགས་པའི་དཔའ་བོའི་བླ་བརྒྱུད་ཀྱི་སྐུ་ཕྲེང་བཞི་པ་དཔའ་བོ་གཙུག་ལག་ཀུན་ཏུ་བཟང་པོ་བྱ་བ་དེ་ཡི་གདན་ས་སྲས་མཁར་དང་ལྷ་ལུང་གཉིས་པོ་སེ་རའི་མཁན་པོ་བློ་བཟང་དཔལ་ལྡན་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཞུས་ནས་གཞུང་བཞེས་སུ་བཏང་བ་དང་གྲུབ་མཐའ་དགེ་ལུགས་སུ་བསྒྱུར། དེར་བརྟེན་དཔའ་བོ་སྐུ་ཕྲེང་འདི་པ་ནས་དམིགས་བསལ་གྱི་གདན་བཞུགས་ཀྱི་གནས་མེད་པ་གྱུར། ཕྱིས་སུ་དཔའ་བོའི་སྐུ་ཕྲེང་ལྔ་པ་གཙུག་ལག་འཕྲིན་ལས་རྒྱ་མཚོ་འདི་ཉིད་ཡང་སྲིད་ངོས་འཛིན་ཞུས་པའི་རྗེས་ནས་དགུང་གྲངས་བཅུ་བདུན་གྱི་བར་རང་ཉིད་གདན་བཞུགས་ཀྱི་གནས་གཏན་འཁེལ་ཞིག་ཀྱང་མེད་པས་མཐར་ཁོང་ལྷ་ལྡན་དུ་ཕེབས་པ་དང་། དེའི་རིང་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་མཇལ། དེས་ན་རྒྱལ་དབང་མཆོག་གིས་དཔའ་བོ་འདི་པ་སྐྱེས་ཆེན་དམ་པ་ཞིག་ཏུ་གཟིགས་ནས་དབང་ལུང་ཁྲིད་སོགས་དམིགས་བསལ་བཀའ་དྲིན་གྱིས་བསྐྱངས་བར་མཛད་ཅིང་བོད་ཀྱི་བླ་སྤྲུལ་ཆེ་སྤྲུལ་ཆེ་ཁག་ཧོ་ཐོག་ཐུ་ཡི་མཚན་གནས་ཐོབ་ཐང་མངའ་གསོལ་ཏེ་བདག་རྐྱེན་བླ་ན་མེད་པ་བསྩལ་བ་དང་། ད་དུང་གནས་ནང་དགོན་པ་དང་ལྷོ་ཁ་སྦྲགས་སྔགས་གྲྭ་དགོན་དང་བཅས་པའི་ཁོངས་གཏོགས་ཀྱི་མཆོད་གཞིས་མི་སེར་སོགས་ཞལ་འཛིན་གྱི་ལུང་གཏན་ཚིག་བསྩལ། དེ་ཡང་། དཔའ་བོ་སྐུ་ཕྲེང་ལྔ་པ་གཙུག་ལག་འཕྲིན་ལས་རྒྱ་མཚོས་སྤྱི་ལོ་༡༦༦༦གནས་ནང་དགོན་ཕྱག་བཞེས་གནང་བ་ནས་བཟུང་ཕྱིན་ཆད་ཀྱི་དཔའ་བོའི་སྤྲུལ་བརྒྱུད་དག་གནས་ནང་དུ་གདན་ཆགས་པའོ།།
བཞི་པ། གནས་ནང་དགོན་གྱི་གྲགས་ཅན་མི་སྣ།
སྤྱིར་གནས་ནང་དགོན་འདི་སྔ་རྗེས་སུ་ཀམ་ཚང་ཡབ་སྲས་ཀྱི་ཡ་གྱལ་ཀརྨ་ཞྭ་དམར་བ་དང་དཔའ་བོའི་བླ་བརྒྱུད་ཁག་གཉིས་ཀྱིས་རིམ་པར་བསྐྱངས་ཏེ་ད་བར་བརྒྱུད་འཛིན་བྱུང་། ཁོང་རྣམ་པ་ནི་ཀརྨ་བཀའ་བརྒྱུད་ཆོས་བརྒྱུད་འཛིན་མཁན་གྱི་སྤྲུལ་སྐུ་གཙོ་གྲས་ཡིན་ཞིང་རང་ཅག་བོད་ཀྱི་ལོ་རྒྱུས་སྟེང་དུ་གོ་འཕངས་མཐོན་པོ་བཟུང་ཡོད་དེ་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེ་འདི་ཉིད་ལ་ཡོན་གོང་མས་ཞྭ་དམར་བའི་མཚན་ཐོབ་དང་ཆོ་ལོ་སོགས་བསྩལ་བའི་རྐྱེན་ཞྭ་དམར་བ་ཞེས་སུ་གྲགས་པའི་བླ་བརྒྱུད་དེ་བྱུང་བ་ཡིན་པ་དང་། ཞྭ་དམར་སྤྲུལ་བརྒྱུད་དེ་ཧུ་ཐོག་ཐུའི་བླ་ཆེན་ཁོངས་སུ་གཏོགས་པས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཐོག་གོ་བབ་མཐོན་པོ་བཟུང་ཡོད། དེ་ནས་དཔའ་བོའི་བླ་བརྒྱུད་དེ་ཡང་ཧུ་ཐོག་ཐུའི་བླ་ཆེན་ཁོངས་སུ་གཏོགས་པ་མ་ཟད། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་མཛད་འཕྲིན་མང་པོ་སྤེལ་ཡོད་པ་ཆོས་འབྱུང་དང་རྣམ་ཐར་ཁག་ལས་གསལ་ཐུབ།། དེའང་འདི་གར་གནས་ནང་དགོན་གྱི་བླ་ཆེན་ཁག་ལས་གྲགས་ཅན་མི་སྣ་ཁག་གསུམ་བཏོན་ཏེ་བརྗོད་པའོ།།
ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས།
ཞྭ་དམར་སྐུ་ཕྲེང་བཞི་པ་འདི་ཉིད་བོད་ཀྱི་ལོ་རྒྱུས་དང་། ཡང་སྒོས་ཀརྨ་བཀའ་བརྒྱུད་ཀྱི་ཆོས་འབྱུང་ལོ་རྒྱུས་ཐོག་གོ་འཕངས་མཐོན་པོ་འཛིན་ཡོད་པ་དང་། ཁོང་གིས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་བསྐྱོད་དེ་ཀམ་ཚང་ཆོས་བརྒྱུད་ཆེས་ཆེར་སྤེལ་བ་དང་བསྟན་སྲིད་གཉིས་ཀའི་ཐད་མཛད་འཕྲིན་མང་པོ་སྤེལ་ཡོད། དེ་ཡང་། ཞྭ་དམར་ཆོས་གྲགས་ཡེ་ཤེས་ནི་བོད་རབ་བྱུང་བརྒྱད་པའི་ཆུ་བྱ་སྤྱི་ལོ་༡༤༥༣ལོར་མདོ་སྨད་ཀྲེ་ཤོད་ཁང་དམར་ཏེ་དེང་དུས་དཀར་མཛེས་རྫོང་ཁོངས་སུ་ཡབ་དགོན་པ་སྐྱབས་དང་ཡུམ་དབྲ་བཟའ་བསོད་ནམས་སྒྲོལ་མའི་སྲས་སུ་འཁྲུངས། ཟླ་བ་བདུན་པར་ཞྭ་དམར་སྐུ་ཕྲེང་གསུམ་པའི་སྤྲུལ་སྐུ་ངོས་འཛིན་གནང་ནས་ཁང་དམར་དགོན་དུ་གདན་དྲངས། དགུང་ལོ་བཅུ་ཐོག་རྒྱལ་ཚབ་དཔལ་འབྱོར་དོན་གྲུབ་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། དེ་ནས་ཟུར་མང་དགོན་དུ་ཕེབས་ནས་རྗེ་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ཞྭ་དམར་གྱི་ཅོད་པན་དང་ཐམ་ག་གནང་། དེར་རྒྱལ་ཚབ་དཔལ་འབྱོར་དོན་གྲུབ་ཀྱིས་མཁན་པོ་དང་བླ་མ་རྒྱལ་མཚན་འཇམ་པའི་བཟང་པོས་སློབ་དཔོན་མཛད་དེ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བླངས། དགུང་ལོ་བཅུ་གསུམ་ལ་ཆབ་ནག་དགོན་དུ་ཚོགས་པའི་དབུར་བཞུགས་མཛད། དེའི་རྗེས་གདན་ས་གནས་ནང་དུ་བྱོན་པ་དང་འགོས་གཞོན་ནུ་དཔལ་སོགས་དགེ་བའི་བཤེས་གཉེན་མང་པོར་བསྟེན། དེ་ཕྱིར་ཀོང་པོ་ནས་ཁམས་འདན་མ་བརྒྱུད་བེ་རིའི་ཡུལ་ནས་མདོ་སྨད་ཤར་གྱི་ཕྱོགས་ཙོང་ཁའི་ཡུལ་ལ་ཕེབས་ཏེ་སྐྱེ་བོ་མང་པོར་ཟབ་ཆོས་སྤེལ་ཞིང་། ཧོར་གྱི་སྡེ་དཔོན་དང་བཅས་པའི་སྐྱེ་བོ་བརྒྱ་སྟོང་མང་པོ་དམ་པའི་ཆོས་ལ་བཀོད། དགུང་ལོ་ཉེར་བཞིའི་ཐོག་འགོས་ལོ་གཞོན་ནུ་དཔལ་གྱི་མདུན་དུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེ་ནས་ཁོང་གིས་གདན་ས་གནས་ནང་དུ་བྱམས་སྐུ་དང་མཆོད་ཁང་གསར་བཞེངས་གྲུབ། དགའ་ལྡན་མ་མོར་ཐུབ་སྐུ་ཆེན་མོ་བཞེངས། དགུང་ལོ་ཉེར་བདུན་ལ་ལྷ་ལུང་དུ་མཚམས་བཞུགས་པ་དང་དེར་བྱང་ཆུབ་མཆོད་རྟེན་བཞེངས། དགུང་ལོ་ཉེར་བརྒྱད་ལ་ལྷུན་གྲུབ་ཆོས་སྡེའི་གཙུག་ལག་ཁང་གསར་དུ་བཞེངས། དགུང་ལོ་སོ་དྲུག་ལ་ཀོང་ཡུལ་དུ་འགྲོ་དོན་མཛད་པ་དང་ཙ་རི་ཏྲའི་གནས་ཡིག་བརྩམས། དགུང་ལོ་ཞེ་གཅིག་སྟེ་སྤྱི་ལོ༡༤༩༣ལོར་གདན་ས་ཐེལ་གྱི་གདན་སར་བཞུགས་ཏེ་ཕག་གྲུ་པའི་ལུང་གཉིས་ཀྱི་འཕྲིན་ལས་མཛད། དགུང་ལོ་བཞི་དྲུག་སྟེ་སྤྱི་ལོ༡༤༩༨ལོར་གནས་ནང་གསེར་འབུམ་ལ་ཆབ་ཁེབས་ཏོག་སོགས་ཕུལ། དེ་ནས་ལོ་གཉིས་པར་ནེའུ་གདོང་དཔོན་ཁྲིར་བཀོད་ནས་དྭགས་པོ་བཀའ་འབུམ་གྱི་ལུང་བསྩལ། སླད་དབུས་སུ་ཕེབས་ནས་ཕག་གྲུའི་གདན་ས་འཛིན་པ་དང་། གདན་ས་གནས་ནང་དང་དགའ་ལྡན་མ་མོར་གདན་འཛིན་གསར་དུ་བསྐོས། དགུང་ལོ་ང་གཅིག་པའི་ཆུ་ཕག་སྤྱི་ལོ་༡༥༠༣ལོར་ཡོན་བདག་རིན་སྤུངས་པའི་རྒྱབ་སྐྱོར་འོག་ཡངས་ཅན་གྱི་དགོན་ཕྱག་བཏབས། བཀའ་འགྱུར་ལ་སོགས་གསེར་བྲིས་ཅན་གྱི་བསྟན་བཅོས་མང་པོ་བཞེངས། དགུང་ལོ་ང་བཞིར་རང་རྣམ་ཚིག་བཅད་མ་ཨུཏྤལའི་དོ་ཤལ་གྱི་མཇུག་བསྡུས། དགུང་ལོ་དྲུག་ཅུར་དཔའ་བོ་གཙུག་ལག་ཕྲེང་བའི་གཙུག་ཕུད་བཞེས་ཏེ་རབ་བྱུང་གནང་བ་དང་་གནས་ནང་གི་གདན་སར་བཀོད། དགུང་ལོ་དོན་གཉིས་པ་སྟེ་རབ་བྱུང་དགུ་པའི་ཤིང་སྤྲེལ་སྤྱི་ལོ་༡༥༢༤ལོར་དགོངས་པ་ཆོས་དབྱིངས་སུ་བཞུགས་སོ།།
དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བ།
དཔའ་བོ་སྐུ་ཕྲེང་འདི་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཀྱི་བ་དན་ཆེ་ཆེར་གཡོ་བ་ཀུན་གྱི་རྟོགས་གསལ་ཡིན། དེ་ཡང་། དཔའ་བོ་གཙུག་ལག་ཕྲེང་བ་ནི་བོད་རབ་བྱུང་བརྒྱད་པའི་ཤིང་བྱི་ལོ་སྟེ་སྤྱི་ལོ༡༥༠༤ལོར་དབུ་རུ་སྙེ་ཐང་དུ་སྐུ་འཁྲུངས། དགུང་ལོ་ལྔ་པར་ལྷོ་གྲོ་བོ་ལུང་གི་གསེར་ཁྲིར་མངའ་གསོལ། དགུང་ལོ་དགུ་པར་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་མདུན་ནས་དགེ་ཚུལ་བསྒྲུབས་པ་དང་མཚན་ལ་མི་ཕམ་ཆོས་ཀྱི་རྒྱལ་པོ་ཞེས་གསོལ། ཞྭ་དམར་སྐུ་ཕྲེང་བཞི་པ་དང་དྭགས་པོ་པཎྜི་ཏ་ཆོས་རྒྱལ་སོགས་མཁས་གྲུབ་མང་པོ་ལས་གསང་སྔགས་གསར་རྙིང་གི་ཆོས་སྐོར་རྒྱ་ཆེར་གསན། ལྷག་པར་དུ་ཀརྨ་པ་འཕྲིན་ལས་པ་ཆེན་པོ་ལས་དགུང་ལོ་དགུ་ནས་ཉེར་བརྒྱད་བར་དུ་བསྟེན་ནས་མདོ་རྒྱུད་མན་ངག་གི་ཆོས་རྒྱུན་དུ་མ་གསན། དགུང་ལོ་ཉེར་གསུམ་ལ་ཞྭ་ལུ་ཆོས་སྐྱོང་དཔལ་བཟང་གིས་མཁན་པོ་དང་མཁན་ཆེན་ཆོས་གྲུབ་སེང་གེའི་ལས་སློབ། ནམ་མཁའ་དཔའ་ལྡན་གྱི་གསང་སྟོན་མཛད་དེ་བསྙེན་པར་རྫོགས། དགུང་ལོ་ཉེར་དགུ་ལ་ཀོང་ཡུལ་གྱི་ཟིངས་པོ་འབུམ་པ་སྒང་དུ་རྒྱལ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་མཇལ་ཞིང་། བླ་མས་དཔལ་གཙུག་ལག་ཕྲེང་བ་ཞེས་པའི་མཚན་གསོལ། དེ་ནས་ཁོང་ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་དང་རྒྱལ་ཚབ་གྲགས་པ་དཔལ་འབྱོར་སོགས་ཡབ་སྲས་ཀྱི་བླ་མར་གྱུར། དེ་ནས་སྲས་མཁར་གྱི་ཕོ་བྲང་ཉམས་གསོ་དང་རྟེན་བཞེངས་རྒྱ་ཆེར་མཛད་ཞིང་། ཀརྨ་སྒྲུབ་མཆོད་སྡེ་བཞིའི་དགེ་འདུན་གྱི་སྡེ་བཙུགས། ཀརྨ་མི་བསྐྱོད་རྡོ་རྗེ་ལྷོ་ཁ་ཡར་ལུང་སྟོད་ར་མོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ལ་སྐུ་གདུང་ཞུགས་འབུལ་དང་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེ་མཚུར་ཕུར་གསེར་ཁྲིར་མངའ་གསོལ་མཛད། རབ་བྱུང་དགུ་པའི་ཤིང་སྦྲུལ་སྤྱི་ལོ་༡༥༤༥ལོ་ནས་ཆོས་འབྱུང་མཁས་པའི་དགའ་སྟོན་བརྩམས་འགོ་ཚུགས་ཏེ་མཐར་ཤིང་བྱི་སྤྱི་ལོ་༡༥༦༤ལོ་སྟེ་ལོ་ངོ་ཉི་ཤུ་རྩ་གཅིག་རིང་བརྩམས་གྲུབ་མཛད། དཔའ་བོ་འདི་པ་དབུས་གཙང་དྭགས་ཀོང་སོགས་བོད་ཡུལ་ཕལ་ཆེར་ཞབས་ཀྱིས་བཅགས་ཞིང་གང་ལ་གང་འཚམས་ཀྱིས་དབང་ལུང་མཛད། ལྷག་པར་རིག་པའི་གནས་མཐའ་དག་ལ་མཁས་པའི་མཁྱེན་རབ་ཀློང་ནས་བརྡོལ་བ་དང་སྐུ་ཚེ་ཧྲིལ་པོར་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་བོད་ཀྱི་རིག་གནས་ལོ་རྒྱུས་བཅས་ལ་ཐུགས་དཔྱད་ཁོ་ན་མཛད། མཐར་དགུང་ལོ་རེ་གསུམ་པ་མེ་སྟག་སྤྱི་ལོ་༡༥༦༦ལོར་ལྷོ་བྲག་སྲས་མཁར་དུ་སྐུ་གཤེགས། ཁོང་གིས་མཛད་པའི་གཞུང་འགྲེལ་རྣམས་ཀྱི་འཆད་ཉན་སྤེལ་གསུམ་གྱི་བྱེད་པོར་བསྔགས་ཤིང་ཐུགས་ཀྱི་སྲས་གཅིག་པུར་ཞལ་གྱིས་བཞེས། བསྟན་བཅོས་ཀྱང་ཕག་མོའི་རྣམ་བཤད། མཚན་བརྗོད་འགྲེལ་པ། ཆོས་འབྱུང་མཁས་པའི་དགའ་སྟོན། རྩིས་ཀུན་འདུས་པའི་འགྲེལ་པ་རིན་ཆེན་གཏེར་མཛོད། རྗེ་བརྒྱད་པའི་བཞེད་པ་སྐྱོང་བའི་སྤྱོད་འཇུག་གི་རྒྱས་འགྲེལ། སྨན་དཔྱད་ཟིན་བྲིས་སྙིང་པོ་བསྡུས་པ། རྒྱུད་བཞིའི་རྣམ་བཤད་སོགས་པོད་བཅུ་དྲུག་སོགས་རིག་གནས་ཀྱི་བཤད་སྦྱར་བསྟན་བཅོས་དུ་མ་བརྩམས་པ་དེ་དག་ཕྱི་རབས་བོད་ཀྱི་མཁས་པ་མང་པོའི་རིག་ལམ་གྱི་གཞི་འཛིན་བྱེད་པའི་ཡུལ་གཅིག་ཏུ་ངེས་པ་སོགས་བསྟན་པ་སྤྱི་དང་བྱེ་བྲག་ལ་རྨད་དུ་བྱུང་བའི་མཛད་རྗེས་བླ་ན་མེད་པ་མངའ་བའོ།། ཁོང་གིས་མཛད་པའི་གཞུང་འགྲེལ་རྣམས་ཀྱི་འཆད་ཉན་སྤེལ་གསུམ་གྱི་བྱེད་པོར་བསྔགས་ཤིང་ཐུགས་ཀྱི་སྲས་གཅིག་པུར་ཞལ་གྱིས་བཞེས། རིག་གནས་ཀྱི་བཤད་སྦྱར་བསྟན་བཅོས་དུ་མ་བརྩམས། དེ་དག་ཕྱི་རབས་བོད་ཀྱི་མཁས་པ་མང་པོའི་རིག་ལམ་གྱི་གཞི་འཛིན་བྱེད་པའི་ཡུལ་གཅིག་ཏུ་ངེས་པ་སོགས་བསྟན་པ་སྤྱི་དང་བྱེ་བྲག་ལ་རྨད་དུ་བྱུང་བའི་མཛད་རྗེས་བླ་ན་མེད་པ་མངའ་བའོ།། དཔའ་བོ་འདི་ཉིད་ཀྱི་ཞལ་སློབ་ཀྱི་གཙོ་བོ་རྫོགས་པའི་སངས་རྒྱས་ཀརྨ་པ་དབང་ཕྱུག་རྡོ་རྗེ། ཐམས་ཅད་མཁྱེན་པ་ཞྭ་དམར་དཀོན་མཆོག་ཡན་ལག རྒྱལ་ཚབ་སྤྲུལ་སྐུ། གཞན་ཡང་འབྲི་སྟག་དང་གྲུབ་ཆེན་པཀྴིའི་གདུང་རིགས། འཇམ་དབྱངས་དོན་གྲུབ་དཔལ་བཟང་དང་མཁན་ཆེན་ལེགས་པ་དོན་གྲུབ་དཔལ་བཟང་པོ། གྲུབ་ཆེན་དངོས་གྲུབ་བཟང་། ཡར་འབྲོག་ཁྲི་དཔོན་གཡུ་ལོ་བ་ལ་སོགས་སློབ་བུ་མང་དུ་བྱུང་།
དཔའ་བོ་སྐུ་ཕྲེང་བཅུ་པ་གཙུག་ལག་སྨྲ་བའི་དབང་ཕྱུག
དཔའ་བོ་སྐུ་ཕྲེང་བཅུ་པ་འདི་ཉིད་ཉེ་རབས་རང་ཅག་བོད་ཀྱི་བླ་ཆེན་ཞིག་ཏུ་འཛིན་བ་དང་། ཁོང་གིས་གནས་ནང་དགོན་ཉམས་གསོ་དང་འཕེལ་རྒྱས་བཅས་གང་ཅིར་མཛད་པ་སྤེལ་བ་དང་། ལྷག་པར་དུ་རྒྱལ་ཕྱི་རྒྱལ་ནང་དུ་ཀརྨ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དར་སྤེལ་བཏང་བར་མཛད་འཕྲིན་ཆེན་པོ་སྤེལ་ཡོད། དེ་ཡང་། དཔའ་བོ་གཙུག་ལག་སྨྲ་བའི་དབང་ཕྱུག་འདི་ཉིད་བོད་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ་༡༩༡༡ལོར་གཙང་གཡག་སྡེ་མཁར་སྔོན་མོའི་གཞུང་དུ་སྐུ་འཁྲུངས། དགུང་ལོ་ལྔ་པའི་སྟེང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་དཔའ་བོའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་ཁྲི་འདོན་མཛད། དེ་ནས་ཤིང་གླང་སྤྱི་ལོ༡༩༢༥ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་བསྙེན་རྫོགས་ཞུས་ཞིང་མཚན་ལ་ཐུབ་པའི་བསྟན་པ་ཀུན་ཏུ་གསལ་ཞེས་གསོལ། སྤྱི་ལོ་༡༩༣༡ལོར་རྒྱལ་དབང་ཀརྨ་པའི་ཡང་སྲིད་མཚུར་ཕུར་གདན་ཞུ་དང་མངའ་གསོལ་གྱི་གཙོ་འགན་བཞེས། སྤྱི་ལོ་༡༩༤༠ལོར་མདོ་ཁམས་དཔལ་སྤུངས་དགོན་དུ་ཕེབས་ཏེ་སྐྱབས་རྗེ་སི་ཏུ་པདྨ་དབང་མཆོག་དང་། འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁྱེན་རྩེ་སོགས་མཁས་གྲུབ་མང་པོའི་དྲུང་ནས་ལོ་དྲུག་གི་རིང་རིག་གནས་སྤྱི་དང་ཁྱད་པར་ཟབ་དོན་མན་ངག་མཐའ་དག་ལ་གསན་སྒོམ་ཐར་ཡང་དག་པར་མཛད། སྤྱི་ལོ་༡༩༤༦ལོ་ནས་ལོ་གསུམ་རིང་གནས་ནང་དགོན་གྱི་སྒྲུབ་ཁང་གསར་འཛུགས་དང་ཕོ་བྲང་ཉམས་གསོ་གསར་བཞེངས་བཅས་གནང་། སྤྱི་ལོ་༡༩༥༣ལོར་ལྷོ་ཁུལ་སྔགས་གྲྭ་དགོན་ཉམས་གསོ་རྒྱ་བསྐྱེད་གནང་། ཤིང་རྟ་སྤྱི་ལོ་༡༩༥༣ལོར་སྟོད་མངའ་རིས་དང་བྱང་ཁུལ་དུ་ཕེབས་ནས་ཟབ་ཆོས་རྒྱ་ཆེར་སྤེལ། སྤྱི་ལོ༡༩༥༩ལོར་འབྲུག་ཡུལ་དུ་ཕེབས་ཞིང་འབྲུག་གི་ནང་བློན་ཚང་མས་བླ་མར་བསྟེན། དེ་ནས་སྤྱི་ལོ༡༩༦༢ལོར་རྒྱ་གར་ཝ་ར་ནཱ་སིའི་གསང་སྔགས་སློབ་ཆེན་གྱི་སྤྱི་ཁྱབ་སློབ་དཔོན་དང་གསང་སྔགས་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་ནས་ལོ་བཞི་བཞུགས། སྤྱི་ལོ༡༩༧༧ལོར་ཧྥ་རན་སིར་ཕེབས་ཏེ་གནས་ནང་བསམ་གཏན་ཆོས་གླིང་བྱ་བ་བཞེངས། སྤྱི་ལོ༡༩༨༦ལོར་བལ་ཡུལ་རྒྱལ་ས་ཀ་ཏ་མན་ཏུར་ལ་གནས་ནང་ཕུན་ཚུགས་ཆོས་གླིང་བྱ་བ་ཕྱག་བཏབས་ཞིང་དགེ་འདུན་གྱི་སྡེ་གསར་འཛུགས་གནང་། དགུང་ལོ་བརྒྱ་ཅུ་སྟེ་སྤྱི་ལོ་༡༩༩༡ལོར་བལ་ཡུལ་གྱི་གནས་ནང་ཕུན་ཚོགས་ཆོས་གླིང་དུ་སྐུ་གཤེགས་སོ།།
ཞྭ་དམར་སྐུ་ཕྲེང་རིམ་བྱོན།
|
སྐུ་ཕྲེང་། |
མཚན། |
འཁྲུངས་ཡུལ། |
འཁྲུངས་ལོ། |
འདས་ལོ། |
|
༡ |
རྟོགས་ལྡན་གྲགས་པ་སེང་གེ |
མདོ་སྨད་སྤོམ་འབར། |
1283 |
1349 |
|
༢ |
མཁའ་སྤྱོད་དབང་པོ། |
བྱང་གནམ་གཞུང་། |
1350 |
1405 |
|
༣ |
ཆོས་དཔལ་ཡེ་ཤེས་ |
ཉང་ཡུལ། |
1406 |
1452 |
|
༤ |
ཆོས་གྲགས་ཡེ་ཤེས་ |
མདོ་སྨད་ཏྲེ་ཤོད། |
1453 |
1524 |
|
༥ |
དཀོན་མཆོག་ཡན་ལག |
ཀོང་པོའི་སྟོད། |
1525 |
1583 |
|
༦ |
ཆོས་ཀྱི་དབང་ཕྱུག |
འབྲི་གུང་། |
1584 |
1630 |
|
༧ |
ཡེ་ཤེས་སྙིང་པོ། |
མདོ་སྨད་མགོ་ལོག |
1631 |
1694 |
|
༨ |
ཆོས་ཀྱི་དོན་འགྲུབ། |
ཡོལ་མོ་གངས་ར། |
1695 |
1732 |
|
༩ |
ཆོས་ཀྱི་ཉི་མ། |
ལྷོ་ཕྱོགས། |
1733 |
1741 |
|
༡༠ |
ཆོས་གྲུབ་རྒྱ་མཚོ། |
གཙང་བཀྲ་ཤིས་རྩེ། |
1742 |
1791 |
དཔའ་བོ་སྐུ་ཕྲེང་རིམ་བྱོན།
|
སྐུ་ཕྲེང་། |
མཚན། |
འཁྲུངས་ཡུལ། |
འཁྲུངས་ལོ། |
འདས་ལོ། |
|
༡ |
དཔའ་བོ་ཆོས་དབང་ལྷུན་གྲུབ། |
ཡར་ཀླུང་། |
1455 |
1503 |
|
༢ |
དཔའ་བོ་གཙུག་ལག་ཕྲེང་བ། |
སྙེ་ཐང་། |
1504 |
1566 |
|
༣ |
དཔའ་བོ་གཙུག་ལག་རྒྱ་མཚོ། |
སྟོད་ལུང་། |
1568 |
1630 |
|
༤ |
དཔའ་བོ་གཙུག་ལག་ཀུན་ཏུབཟང་པོ། |
ཆུ་ཤུར། |
1632 |
1649 |
|
༥ |
དཔའ་བོ་འཕྲིན་ལས་རྒྱ་མཚོ། |
མདོ་ཁམས། |
1650 |
1699 |
|
༦ |
དཔའ་བོ་གཙུག་ལག་དོན་གྲུབ། |
ཆུ་ཤུར། |
1701 |
1718 |
|
༧ |
དཔའ་བོ་གཙུག་ལག་དགའ་བའི་དབང་པོ། |
མདོ་ཁམས། |
1718 |
1781 |
|
༨ |
དཔའ་བོ་གཙུག་ལག་ཆོས་ཀྱི་རྒྱལ་པོ། |
སྡེ་དགེ |
1785 |
1840 |
|
༩ |
དཔའ་བོ་གཙུག་ལག་ཉིན་བྱེད་དབང་པོ། |
མི་གསལ། |
1842 |
1911 |
|
༡༠ |
དཔའ་བོ་གཙུག་ལག་སྨྲ་བའི་དབང་ ཕྱུག |
གཙང་གཡག་སྡེ། |
1912 |
1991 |
|
༡༡ |
དཔའ་བོ་གཙུག་ལག་སྨྲ་བའི་སྒྲ་དབྱངས། |
ནག་ཆུ། |
1994 |
|
དཔྱད་གཞིའི་ཡིག་རིགས།
[1]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006. 1
[2]འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985.1
[3]འགྲོན་ཆེན་ཀརྨ་ཚུལ་འཁྲིམས་གྱིས་བརྩམས། སྐལ་བཟང་ཕུར་བུས་བསྒྲིགས། དཔའ་བོ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར། མཚུར་ཕུ་གཙུག་ལག་དཔེ་སྐྲུན་ཁང་། 2008.11.
[4]འཇམ་དབྱངས་ཚུལ་ཁྲིམས། དཔལ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1997.12
[5]རིན་ཆེན་དཔལ་བཟང་། མཚུར་ཕུ་དགོན་གྱི་དཀར་ཆག་ཀུན་གསལ་མེ་ལོང་། [M] མི་རིགས་དཔེ་སྐྲུན་ཁང་། 1995.7
[6] རྟ་ཚག་ཚེ་དབང་རྒྱལ་གྱིས་བརྩམས། ལྷོ་རོང་ཆོས་འབྱུང་། [M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1994.9.
[7] ཀརྨ་རྒྱལ་མཚན། ཀཾ་ཚང་ཡབ་སྲས་དང་དཔལ་སྤུངས་དགོན་པ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1997.10
[8]རྒྱལ་དབང་ལྔ་པ་ཆེན་མོ། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། [M]མི་རིགས་དཔེ་སྐྲུན་ཁང་། 1988.5
[9]སུམ་པ་ཡེ་ཤེས་དཔལ་འབྱོར ། ཆོས་འབྱུང་དཔག་བསམ་ལྗོན་བཟང་། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992.12
[10]མི་ཉག་མགོན་པོ། གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་མཐར་མདོར་བསྡུས།(དེབ་དང་པོ)[M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996.5
(网络编辑:旦增朗达)